image 1 200x145 བཅར་འདྲི་ཞུ་མཁན།  མི་ཆུང་ཁ་བདེ།   
བཅར་འདྲི་ཞུ་ཡུལ། སྨན་བླ་སྐྱབས།
དྲི་བ། དེང་སྐབས་ཁྱེད་རང་ལྷ་ས་རུ་རྒྱུན་སྡོད་བྱེད་པ་ཡིན་ནམ། ལོ་ཚོད་འདི་འདྲ་ཞིག་ལ་ལྷ་ས་རུ་རྒྱུན་སྡོད་བྱེད་པའི་འཆར་གཞི་ཇི་འདྲ་ཞིག་ཡིན།སྨན་བླ་སྐྱབས། ཧ་ཆར་ཡིན། ད་ལྟ་ད་དུང་ལས་གནས་སུ་ཡོད་ལ། རྗེས་ནས་ལས་འཕྱུར་ངལ་གསོ་བྱེད་སྐབས་ཟི་ལིང་ན་སྡོད་མི་བསམ་པར་བོད་པའི་ཁོར་ཡུག་ཞིག་ན་འདུག་བསམ་པའི་ཀུན་སློང་སྔ་མོ་ནས་ཡོད།

གཅིག་ནས་བོད་པའི་ཁོར་ཡུག་ཅིག་དགོས་པ་དང་། གཉིས་ནས་ལྷ་ས་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བ་དང་། ད་ལྟ་གནས་འདིར་འདུག་པའི་ཆ་རྐྱེན་ལྡན་ན་ཕོ་བྲང་མཐོང་ཐུབ་ས་ཞིག་ནས་འདུག་ཐུབ་ན་བསམ་པ་ཡིན། དེ་བས་རང་ཉིད་ཀྱི་ཁང་བ་ཡང་ཕོ་བྲང་མཐོང་ཐུབ་ས་ཞིག་ནས་ཉོས་ཡོད། རིན་གོང་ཅུང་ཆེ་ནའང་ཕོ་བྲང་མཐོང་ཐུབ་ས་ཞིག་ཡིན་ན་མ་འོངས་པ་ན་སེམས་ཀྱི་རྟེན་གཞི་ཞིག་རེད། ད་ལྟ་ཡང་ནམ་རྒྱུན་སྒེའུ་ཁུང་ལས་ཕོ་བྲང་ལ་བལྟས་ནས་བསྡད་པ་དེ་འདྲ་ཞིག་ཡིན།

དྲི་བ། ཆུང་དུས་ཀྱི་སྐྱེས་ས་དང་འཚར་ལོངས་བྱུང་བའི་ཁོར་ཡུག སློབ་གསོ་མྱངས་པའི་བརྒྱུད་རིམ་སོགས་ཀྱི་ཐད་ནས་ངོ་སྤྲོད་ཞིག་གནང་རོགས།

སྨན་བླ་སྐྱབས། སྐྱེས་ཁུངས་ཕ་ཡུལ་ནི་མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་མང་འབའ་བྱ་གསུམ་ལས་མང་ར་སྟོད་ཀྱི་སྡེ་ཤུལ་ཀླུ་ཚང་གི་འབྲོག་པ་ཞིག་ཡིན་ལ། སྤྱིར་བཏང་གི་མི་ཁྱིམ་ཕལ་བ་ཞིག་ཏུ་འཚར་ལོངས་བྱུང་། མིང་སྲིང་བརྒྱད་ཀྱི་ནང་གི་གཉིས་པ་ཡིན། སློབ་གསོའི་ཆ་ནས་བཤད་ན། སྐབས་དེར་ན་མཉམ་གྱི་ནང་ནས་འགན་བཞག་ནས་སློབ་གྲྭར་སྐྱེལ་ན་ཕྱིར་བྲོས་ནས་ཡོང་བའི་སྐབས་ཤིག་ཡིན་ཞིང་། སྐབས་དེར་རང་ཉིད་ལ་མཚོན་ན་སློབ་གྲྭར་འགྲོ་བར་སྤྲོ་བ་སྐྱེ་བ་དང་བྱིས་པའི་སེམས་ཁམས་ཀྱི་ཆ་རུ་གནས། བྱིས་པ་ནོར་རྫིའི་ཆ་ནས་ནོར་འཚོ་ཞོར་དང་དགེ་རྒན་གྱི་ཁྱིམ་ན་རྒྱུན་དུ་བསྡད་དེ་ཁོམ་སྐབས་ཅུང་ཙམ་བྱུང་ན་དགེ་རྒན་ལ་དྲིས་ཏེ་བོད་ཡིག་རྐྱང་རྐྱང་སྦྱངས་པའི་སྐབས་ཤིག་རེད། ད་ལྟ་བལྟས་ན་སློབ་ཆུང་གི་ལོ་རིམ་དང་པོའི་རྨང་གཞི་ཡིན་པ་དང་སྦྲ་གུར་སློབ་གྲྭའི་ཁོར་ཡུག་དང་དགེ་རྒན་གྱི་ས་ནས་བག་ཆགས་ཙམ་བཞག མདོར་ན་སློབ་མ་མང་པོ་སློབ་གྲྭ་ནས་ཡུལ་ལ་བྲོས་ཡོང་བའི་སྐབས་ང་རང་ཕར་སློབ་གྲྭ་ལ་བྲོས་པ་རེད། ཁྱིམ་ཚང་གི་ཐད་ནས་བཤད་ནའང་། རང་ཉིད་ཤ་ཉེ་ཚང་ལ་བུ་སྐལ་དུ་བྱིན་ཡོད་པས་ཕ་མར་དབང་ཆ་ཆེན་པོ་མེད་ཀི དེ་ན་རང་ཉིད་ལ་མཚོན་ན་གཅིག་ནས་ཡུལ་ལ་འགྲོ་ས་མེད་པ་དང་། གཉིས་ནས་བུ་སྐལ་དུ་བྱིན་པའི་ཁྱིམ་དུ་འདུག་མ་འདོད་པར་ཐད་ཀར་སློབ་གྲྭར་བྲོས་པ་རེད། རིམ་བཞིན་སློབ་རིམ་གཉིས་པ་དང་གསུམ་པའི་སྐབས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲད་ན་ཆོག་ཅིང་། སྐབས་དེར་དེ་ལས་མཐར་ཕྱིན་རྗེས་དགེ་རྒན་བྱས་ཆོག་པ་རེད། མཐར་ཕྱིན་པའི་ལོ་དེར་མཚོ་སྔོན་མི་རིགས་གློག་བརྙན་བསྒྱུར་སྐྲུན་ཚན་ཁག་གི་མི་སྣ་སྐོར་ཞིག་རྒྱུགས་ལེན་དུ་ཡོང་ལ། དགེ་རྒན་འགའ་ཞིག་གིས་ང་རང་འོས་སྦྱོར་བྱས་པར་བརྟེན་རྒྱུགས་སྣ་ཚོགས་བླངས་མཐར་གློག་བརྙན་སྐད་སྒྱུར་ལ་འཚམ་པར་ཁས་ལེན་གནང་།

དྲི་བ། ཁྱེད་རང་ཧྲང་ཧའེ་ཟློས་གར་སློབ་གླིང་ལ་སོང་བ་དེ་བྱ་བའི་ལས་གནས་ལ་ཞུགས་པའི་སྔོན་རེད་དམ།

སྨན་བླ་སྐྱབས། 1981ལོར་ལས་ཁུངས་སུ་སོང་པ་ཡིན་ལ། སྐབས་དེར་ལོ17འདྲ་ཞིག་རེད། 1989ལོའི་རྗེས་སུ་མཚོ་ལྷོ་མི་རིགས་གླུ་གར་ཚོགས་པས་གལ་སྲིད་ང་རང་ཚོགས་པ་འདིར་ལོ་ལྔའི་གན་རྒྱ་འཇོག་ཐུབ་ན་གཡར་མའི་སྒོ་ནས་ནང་ལོག་ཏུ་སློབ་སྦྱོང་གི་སློབ་ཡོན་ཁོ་ཚོས་སྤྲོད་རྒྱུ་བྱས་པས། 1989ལོ་ནས་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་རུ་སོང་བ་དང་། 1990ལོར་ཧྲང་ཧའེ་ནས་ལོ་གཉིས་ལ་བསྡད་ཅིང་། གཙོ་བོ་ཟློས་གར་དང་གློག་བརྙན། བརྙན་འཕྲིན་གྱི་འཁྲབ་གཞུང་རྩོམ་པའི་སྐོར་སྦྱངས།

དྲི་བ། ཁྱེད་རང་ཐོག་དང་པོར་ཁ་ཤགས་དང་གར་ཆུང་འཁྲབ་སྟོན་གྱི་ཕྱོགས་སུ་འགྲོ་བ་འདི་དགེ་རྒན་རྡོ་རྗེ་རིན་ཆེན་དང་ཡང་ན་དགེ་རྒན་ཆོས་མོ་འཚོ་གཉིས་ཀྱིས་བཙན་གྱིས་ལམ་དེར་བརྫངས་སྐད། དེ་ན་ཐོག་མ་ཉིད་ནས་ཁྱེད་རང་ལམ་དེར་ཞུགས་པའི་འདུན་པ་མེད་པ་རེད་དམ།

སྨན་བླ་སྐྱབས། སྤྲོ་བ་མེད་ཟེར་ནའང་མི་ཤེས་ཀི སྐབས་དེར་རླུང་འཕྲིན་གྱི་ནང་ནསྐད་གཏོངལེ་ཚན་གསར་དུ་བཏོད་ཡོད་པ་དང་། རྒྱུན་དུ་ལས་ཁུངས་སུ་ཡི་གེ་འདྲ་བྲིས་ཤིང་། ལས་ཁུངས་ཕན་ཚུན་བར་ཐག་ཉེ་ནའང་མི་ཆ་མེད་རྒྱུས་མེད་ཡིན། རིག་རྩལ་ཚན་ཁག་ཏུ་རང་དང་ལོ་འགའ་ཆེ་བའི་རྒྱུས་ཡོད་འགའ་ཡོད་པས་རྒྱུན་དུ་དེར་སོང་བ་ཡིན། ཉིན་ཞིག་དེ་བཙལ་དུ་སོང་ཡང་ཁོ་མེད་པས། འགྲམ་གྱི་ཁྱིམ་ན་མི་ཞིག་སྒོར་ཡོང་བ་མ་གཞི་ངའི་དགེ་རྒན་ཡིན་འདུག ཁོས་འདིར་ཤོག་ཟེར་ནས་ནང་ལ་བོས་ཏེ་ཁ་བརྡ་བྱས་པ་ན་མ་གཞི་ཁོས་ངའི་ཡི་གེ་དེ་དག་རྒྱུན་དུ་ཀློག་གི་འདུག ཁོས་ང་ལ་སྒྲུང་གཏམ་འབྲི་བའི་ཆ་རྐྱེན་ལྡན་པས་སྒྲུང་གཏམ་བྲིས་ན་མི་ལེགས་སམ་ཟེར། དེར་མཐུད་གློག་བརྙན་སྐད་སྒྱུར་གྱི་བྱ་བ་གླེང་བ་དང་སྐད་ཆའི་སྨྲ་ལྕེའི་སོགས་ལ་བལྟས་ནས་ང་ལ་ཁ་ཤགས་ཀྱི་སྐོར་བྲིས་ནའང་འགྲིག་གི་ཟེར། གང་ལྟར་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ལས་ཀ་དང་སྒོས་སུ་འབྲི་རྒྱུའི་ཕྱོགས་ལ་ཤུགས་བརྒྱབ་ན་འགྲིག་ཟེར། གཞན་ཡང་གློག་བརྙན་སྐད་སྒྱུར་གྱི་ལས་ཀ་འདིའི་ནང་ཆེས་སྤྱིར་བཏང་གི་སྣང་ཚུལ་གཅིག་ནི་དགོད་སྒྲ་དང་གཅིག་ནི་ངུ་སྒྲ་རེད། འདི་གཉིས་རྨང་གཞི་བྱས་ཏེ་ཁ་ཤགས་དང་པོསྒྱུ་རྩལ་པཞེས་པ་ཞིག་བྲིས། དེ་བསྟན་རྗེས་ཁོ་ཚོའི་ཁས་ལེན་ཆེན་མོ་ཐོབ། སྐབས་དེར་རླུང་འཕྲིན་མ་གཏོགས་བརྙན་འཕྲིན་སོགས་མེད་པས། རླུང་འཕྲིན་དུ་ལོ་སར་དགོང་ཚོགས་ཀྱང་ནང་ཁུལ་ནས་ལོ་སར་གཏོང་བ་རེད། དེར་བརྟེན་ཐེངས་དང་པོར་ཁ་ཤགསསྒྱུ་རྩལ་པཞེས་པ་དངོས་སུ་སྒྲ་ཕབ་ལ། སྒྲ་ཕབ་མཁན་ནི་ང་རང་སློབ་མའི་དུས་སྐབས་ཆེས་ཤུགས་རྐྱེན་ཟབ་པའི་དགེ་རྒན་ཆོས་མོ་འཚོ་རེད། ལོ་རབས་བརྒྱུད་ཅུའི་དུས་སུ། ཐོག་དང་པོར་ཁ་ཤགས་སོགས་འབྲི་དུས་ཁ་ཡ་ན་ཟླ་དང་ལྷན་དུ་རྩེད་ཞོར་དགོད་ཞོར་ལ་འབྲི་བ་དང་ཡང་གཅིག་བཤད་ན་འགན་མ་ཁུར་བ་ལྟ་བུར་སྣང་། དེ་ནས་རིམ་བཞིན་ཁ་ཤགས་ཀྱི་ལོ་རྒྱུས་དང་གཞུང་ལུགས་ཤེས་བྱ་སོགས་རྒྱུས་ལོན་བྱས་རྗེས། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁ་ཤགས་ཤིག་འཁྱོངས་པར་བསམ་ནས་ཚོད་ལྟ་རེ་བྱས་ཚེ། གཞུང་ལུགས་དང་ལག་ལེན་སྟེང་ནས་དཀའ་ཁག་བྱུང་། དཀའ་ཁག་བྱུང་བའི་ངོས་ཐད་ནས་བསམ་གཞིགས་མང་པོ་བཏང་། ལོ་རབས་དགུ་བཅུར་ཐོན་དུས། རང་ཉིད་ཀྱིས་བྲིས་པ་དེ་རང་རྐྱ་ཐུབ་པ་ཟེར་ན་དཀའ་མོ་ཡིན་ཡང་རང་ཚུགས་འདྲ་ཞིག་ཆགས་འདུག ལོ་རབས་དགུ་བཅུའི་རྗེས་ནས་གར་ཆུང་གི་ཁྱབ་ཁོངས་སུ་བརྒལ། དེ་བས་ཁ་ཤགས་དང་གར་ཆུང་གཉི་ག་གོ་རིམ་བཞིན་ཆགས་པ་རེད། ཁ་ཤགས་ཀྱི་ངོས་ནས1996ལོའིརུ་སྡེ་ཕྲ་མོནི་ཆེས་མཐའ་མཇུག་གི་ཆེད་བསྒྲིགས་ཁ་ཤགས་ཡིན། དེ་དུས་རྐྱང་བཤད་དང་ཉིས་བཤད། ཕོ་མོའི་ཁ་ཤགས། སུམ་བཤད། ཚོགས་བཤད་ཁ་ཤགས་སོགས་རྣམ་པའི་ཆ་ནས་འདི་དག་ལས་མི་འདུག་པ་ཡོངས་སུ་ལག་ལེན་བྱས་ཟིན། རྗེས་ཕྱོགས་ཀྱི་ལམ་ནི་མི་རབས་རྗེས་མ་རྣམས་ཁོ་ཚོ་ཇི་ལྟར་འགྲོ་ན་དེ་ཁ་ཤགས་ཀྱི་དོན་དག་རེད། གཞན་ཡང་། ངས་ཆེད་ལས་ཤིག་སྦྱངས་པའི་ངོས་ཐད་ནས། ཁ་ཤགས་རྐྱང་རྐྱང་ངམ་སྐད་ཆ་རྐྱང་རྐྱང་ཞིག་གིས་རང་ཉིད་ལ་མཚོན་ནའང་གཅིག་ནས་སྐོམ་མི་སེལ་བ་དང་། གཉིས་ནས་ཤོང་ཚད་དང་སྡེབ་སྦྱོར་གྱི་ཆ་ནས་བལྟས་ན་བརྩམས་ཆོས་ཀྱི་སྤུས་ཚད་ཡོང་དགོས་ན་གར་ཆུང་གི་ནང་དུ་ངོམ་ཐུབ་པ་ཞིག་ཡིན། འབྱུང་ཁུངས་ཀྱི་ཆ་ནས་བཤད་ནའང་ཁ་ཤགས་ནི་རྒྱ་ནག་གི་ཁ་ཤགས(相声)ལ་མ་གཏོགས་གཏུགས་ས་མེད་ཅིང་། བོད་རང་གི་རང་ཚུགས་དང་ཁྱད་ཆོས་ཐོན་ཡོད་ནའང་གཞུང་ལུགས་དང་འབྱུང་ཁུངས་ཀྱི་ཐད་ནས་དེ་མ་གཏོགས་གཏུགས་ས་མི་འདུག གར་ཆུང་ནི་གཞུང་ལུགས་དང་ཆེད་ལས་རང་བཞིན་གྱི་ངོས་ནས་བལྟས་ན། གར་རྐྱང་རྐྱང་མ་ཡིན་པར་སྐྱོ་གར་དང་སྤྲོ་གར། བར་མ་བར་ནས་ཟློས་གར་ངོ་མ་དེ་ཡང་ཡོད་ཆོག་སྟེ། རྒྱ་ཆེ་ས་ནས་བཤད་ན་དེ་གསུམ་པོ་ཡོད་དགོས། བོད་རང་གི་སྲོལ་རྒྱུན་གྱི་ཟློས་གར་འདི་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་། དེང་རབས་ཀྱི་ངོས་ནས་མིའི་འཚོ་བ་མཚོན་པའི་ཟློས་གར་ནི་ལས་ཁུངས་ཤིག་དང་ཡང་ན་དཔུང་སྡེ་ཆེན་མོ་ཞིག་མེད་ན་དཀའ་མོ་རེད། ལྟོས་བཅས་ཀྱིས་བཤད་ན་གར་ཆུང་ནི་མི་སྒེར་གྱིས་ལས་ནའང་ཐུབ་ཀྱི་འདུག དེ་བས་རང་ཉིད་ཀྱིས་དེའི་མཇུག་སྐྱོང་ཁ་བྱས་ཡོད།

དྲི་བ། ང་ལ་མཚོན་ན་བག་ཆགས་ཟབ་མོ་ཞིག་ཡོད་པ་ནིརུ་སྡེ་ཕྲ་མོཟེར་བ་དེ་རེད། དེའི་ནང་དུ་ཨ་མདོའི་སྤྱི་ཚོགས་སུ་ཟ་ལེ་རྒྱ་ཟེར་བ་དེ་ཐ་སྙད་ཅིག་ཏུ་གྱུར་འདུག དེའི་སྟེང་ནས་ཀྱང་བརྩམས་ཆོས་དེས་ཨ་མདོའི་ཕྱོགས་སུ་ཤན་ཤུགས་དྲག་པོ་ཐེབས་ཡོད་པ་རྟོགས་ཐུབ། དེའི་སྐོར་ནས་ཅུང་གསུང་རོགས།

སྨན་བླ་སྐྱབས། རུ་སྡེ་ཕྲ་མོནང་གི་བརྗོད་བྱ་སྐོར་ཞིག་ནི་འབྲོག་ཕྱོགས་ཀྱི་འཚོ་བ་རྐྱང་རྐྱང་དང་། དེའི་ནང་ནས་ཀྱང་མི་རིགས་ཧྲིལ་བོའི་འཚོ་བ་ཡིན་ན་འདྲ་ཕྱོགས་གང་ཐད་ལ་བསམ་གཞིག་བཏང་ཁ་འདྲ་བོ་དེ་རེད། ལྟོས་བཅས་ཀྱིསརུ་སྡེ་ཕྲ་མོནང་གི་དེ་དག་ཁ་ཤགས་དེའི་ནང་ན་སྡེབ་སྦྱོར་གྱིས་བཤད་ནུས་པ་ཡོངས་སུ་སྤྱད་ཡོད། ཟ་ལེ་རྒྱ་ལྟ་བུ་ཡང་ཚབ་རྟགས་ཤིག་ཏུ་ངེས། དངོས་ཡོད་འཚོ་བའི་སྟེང་ནས་ཕྱི་རྒྱལ་གྱི་ཆུང་མ་བླངས་པའི་སྐྱེས་པ་ལ་ཟ་ལེ་རྒྱ་ཟེར། ཡིན་ཡང་ཁ་ཤགས་ནང་ནས་དེའི་དོན་མ་རེད། མི་རང་གི་མིང་ཡིན་ན་འདྲ་ཐོགས་ཐོགས་དང་ཐུང་ཐུང་། ཨ་ཡེ་ཙེ་ཙེ་མ་ཟེར་རྒྱུ་འདི་ཡོངས་རྫོགས་དེའི་བསྟན་དོན་ཞིག་ཡོད་པ་དང་སྡེབ་སྦྱོར་གྱིས་བཤད་པ་རེད། ཟ་ལེ་རྒྱ་ལ་མཚོན་ན་རིག་གནས་དང་ལེན་གྱི་ངོས་ནས་ཅུང་ལེགས་པ་དང་། མ་འོངས་པའི་མིག་རྒྱང་ཡང་གསལ་བོ་ཡིན་པ། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི། ཟ་ལེ་རྒྱའི་ཨ་མས་གཉེན་སྟོན་སྟེང་བཤད་པའི་སྐད་ཆ་དེ་དང་། ཨ་མ་ནི་རིག་གནས་ཀྱི་མའི་ངོས་ཐད་ནས་བཤད་ན་སྔོན་ཆད་དང་ད་ལྟ་གང་ཡིན་ཡང་ཚུར་ལེན་གྱི་སྙིང་སྟོབས་ལྡན་པ་ཡིན། དེ་མ་གཞི་ནས་རིག་གནས་ཀྱི་མའི་སྟེང་ཡོད་པ་རེད། དེའི་བར་ན་སྣང་ཚུལ་སྣ་ཚོགས་ཡོད་སྲིད་པ་རེད། གཞན་ཡང་། བརྩམས་ཆོས་ཀྱི་ལྗིད་ཚད་དང་ཤོང་ཚད་ཅུང་ལེགས་པ་དེ་གར་ཆུང་གི་སྟེང་དུ་ཤུགས་བསྣན་པ་ཡིན། དཔེར་ནགེ་སར་རྟ་རྫིཡི་སྐོར་མུ་འབྲེལ་གྱིས་ལས་པ་དངཁ་པརགྱི་སྐོར་ཡང་མུ་འབྲེལ་གྱིས་ལས་ཡོད། ལྟོས་བཅས་ཀྱིས་ཆེད་ལས་ཀྱི་མཁས་པ་དང་ཆེད་ལས་སྦྱང་པ་མང་ཆེ་ཤོས་དབུས་ན་ཡོད་པ་རེད། དེ་དག་དང་བསྡུར་ན་ངའི་བརྩམས་ཆོས་དེ་དག་ལས་ཞོར་ལས་ཀའི་ཚད་ཐིག་རེད། ཡིན་ནའང་། ངའི་བརྩམས་ཆོས་དག་འཁྲབ་གཞུང་རྩོམ་པའི་ཐད་བོད་རང་གི་རང་རྐྱ་ཐུབ་པའི་ངོས་ཀྱི་མཐོང་སྣེ་ཞིག་གམ་ཟུར་ཞིག་ཡིན་ལ། དེ་མིན་རིག་གནས་ཀྱི་ངོས་ནས་སྡེབ་སྦྱོར་གྱི་ཐབས་ཤེས་སྤྱད་དེ་བསམ་གཞིགས་གཏོང་གི་ཡོད་པ་དང་། འཁྲབ་གཞུང་གཅིག་གི་ནང་དུ་ཐག་གིས་མ་ཆོད་པ་དག་མུ་འབྲེལ་དུ་ལས་ནས་ཕྱིར་ཧྲིལ་བོར་བལྟས་ན་ཆ་ཚང་ཞིང་གོ་རིམ་ལྡན་པ་དང་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་འདུག

དྲི་བ། གཞས་ཚིག་གསར་རྩོམ་ཕྱོགས་སུ་ཡང་བོད་ཀྱི་གཞས་ཚིག་གསར་བ་དག་དང་བསྡུར་ན་ཁྱད་ཆོས་མི་འདྲ་ས་ཞིག་འདུག དཔེར་ནལྷན་འཛོམསདངཕ་ཡུལ》《ཨ་ཇོ་ཚེ་རིང་བསམ་གྲུབསོགས་གཞས་འདི་ཚང་མ་རང་གི་ཁྱད་ཆོས་ཅན་དག་དག་རེད། དེ་བས་དགེ་རྒན་གྱིས་དེ་རིང་གཞས་ཚིག་དང་སྙན་ངག་འབྲི་བའི་ཁྱད་པར་དང་གཞས་ཚིག་འབྲི་ན་ཆ་རྐྱེན་གང་དག་དགོས་པ་སོགས་གསུང་རོགས།

སྨན་བླ་སྐྱབས། སྒྲ་ཡང་འཇུག་གི་དབང་དུ་བྱས་ན་གཉི་ག་སྙན་ངག་གི་ཁོངས་སུ་གཏོགས། བྱེ་བྲག་ཏུ་བཤད་ན་སྙན་ངག་ནི་ཁ་དམ་པ་དང་ཁ་ཡང་པ་དེ་འདྲ་ཡོད་ཆོག་གི དེ་མིན་སྲོལ་རྒྱུན་གྱི་ཚིགས་བཅད་དང་བཅད་ལྷུག་སྤེལ་མ་དང་། དེང་སང་གི་རང་མོས་སྙན་ངག་སོགས་ལུས་མ་འདྲ་བ་མང་པོ་འདུག ཡིན་ཡང་གཞས་ཚིག་ཀྱང་ཁ་དམ་པ་དང་ཁ་ཡང་བ་སོགས་དགོས་མཁོའི་དབང་གིས་ཡོད་ཆོག་ཆོག་ཡིན་ཡང་། སྤྱིར་བཏང་དུ་བཤད་ན། གཞས་ཚིག་ནི་ཁ་ལ་བདེ་ཞིང་ངག་ལ་སྙན་པ་དང་འབྲི་སྟངས་སོགས་ཕྱོགས་གང་ཐད་ནས་སྙན་ངག་དང་རོལ་མོ་གཉི་གར་བསམ་བློ་གཏོང་དགོས་ཤིང་། ཆེས་མ་མཐའི་ཆ་རྐྱེན་གཅིག་ནི་སྙན་ཆ་ཡོད་པ་དང་གོ་བདེ་དགོས། གོང་གི་གཞས་ཚིག་དེ་དག་ལ་མཚོན་ནའང་། ཆེས་གཙོ་བོ་བོད་རང་གི་དམངས་ཁྲོད་ཀྱི་དམངས་གཞས་དང་དམངས་ཁྲོད་ཀྱི་གླུའི་རིགས་ལ་གཏུགས་ཡོད། ནང་དོན་དང་རྣམ་པའི་ཐད་ནས། མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་ཀྱི་དམངས་གཞས་ཀྱི་ཁྱད་ཆོས་སྐོར་ཞིག་མཚོན་པར་བྱས། རིག་ལམ་དང་བསམ་བློ་གཏོང་སྟངས་ཀྱི་ཐད་ནས་དེང་རབས་ཀྱི་ངོས་ནས་བསམ་བློ་བཏང་བ་ཡིན། ཚིག་གི་ངོས་ནས་སྲོལ་རྒྱུན་ལ་རྐང་ཚུགས་ཨེ་ཐུབ་ལ་ཤུགས་རྒྱག་གིན་ཡོད། དེ་ལྟར་མ་བྱས་ན་མགྱོགས་རྒྱུ་མང་ན་ཉེན་ཁ་ཆེན་མོར་ཐུགས་ངེས་སྙམ།

དྲི་བ། ན་ནིང་ང་བླ་བྲང་ལ་སོང་ནས་བོད་ཀྱི་གེ་སར་སྒྲུང་གི་སྒྱུ་རྩལ་པ་སྐལ་བཟང་གྲགས་པའི་བུ་ལ་ཁོའི་ཨ་ཕའི་སྒྱུ་རྩལ་གྱི་མི་ཚེའི་ཐད་ནས་བཅར་འདྲི་བྱས་པ་ཡིན། ཁོ་ཚང་ནས་ཁྱེད་དང་སྒྱུ་རྩལ་པ་སྐལ་བཟང་གྲགས་པ་གཉིས་ཀྱི་འདྲ་པར་ཞིག་འདུག(དེ་ནང་ན་ཁྱེད་གཉིས་གཅིག་པུ་མ་རེད) སྐབས་དེར་ཁྱེད་གཉིས་ཀྱིས་བོད་ཀྱི་སྒྱུ་རྩལ་དང་ཡང་ན་སོ་སོའི་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་སོགས་བྱས་ཨེ་མྱོང་།

སྨན་བླ་སྐྱབས། ངེད་གཉིས་ལ་མཚོན་ན་སྒེར་གྱི་ངོས་ཐད་ནས་ངོ་ཐུགས་པ་ཙམ་མ་ཡིན་པར་གྲོགས་པོ་ལས་ཀྱང་གྲོགས་པོ་རང་ག་བ་ཞིག་མིན་པའི་ཚད་ཡིན། དང་པོ་སྐལ་བཟང་གྲགས་པ་ནི་དམངས་ཁྲོད་ཀྱི་རིག་གནས་རྐྱང་རྐྱང་མ་ཡིན་པར་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་པོ་ཡིན་པར་ང་རང་ཁོའི་སྟེང་ལ་དང་ཞེན་ཆེན་པོ་ཡོད། དེ་མིན་རྗེས་ནས་ངེད་གཉིས་ངོ་འཕྲད་དུས། ཁོང་གི་ངོས་ཐད་ནས་ཀྱང་ལོ་ཆུང་གི་ནང་ནས་ང་ལ་དམིགས་བསལ་གྱིས་དགའ་བ་ཡོད་པ་རེད། སྤྱིར་ན་ཁོ་རང་ཨ་གསར་སྣ་ཚོགས་ལ་སུན་པ་སྐྱེས་མཁན་ཞིག་ཡིན་ལ། ངས་སྐྲ་རིང་པོ་དང་གོས་འདྲ་མི་འདྲ་གོན་ཡང་ཁོའི་བུ་ལ་སློབ་གསོ་གཏོང་དུས་ཨ་ཁུ་སྨན་བླ་ལྟ་བུ་ལ་མཚོན་ན་ཅི་བྱས་ཀྱང་ཆོག་པ་རེད། གཙོ་བོ་ཁོག་ན་བཟུང་རྒྱུ་དགོས་པ་ལས་ལུས་ཀྱི་རྣམ་པ་དེ་གལ་ཆེན་མ་རེད་ཟེར། ལས་ཀའི་ངོས་ནས་བཤད་ན། གེ་སར་གྱི་སྒྲུང་དང་ཟློས་གར་ཆེན་མོ་བརྒྱད་སོགས་སྒྲ་འཇུག་དུས་ཀྱང་མཉམ་འབྲེལ་བྱས་མྱོང་། ཁོང་ལ་དངོས་གནས་སྲོལ་རྒྱུན་གྱི་རྨང་བརྟན་པོ་ཡོད་པ་རེད། སྐལ་བཟང་གྲགས་པ་ཟེར་ན་ངས་ཡར་ལ་ལྟ་དགོས་པ་དེ་འདྲ་ཞིག་ཡིན། དེ་ནས་རིམ་བཞིན་རྒྱུས་ཡོད་དུ་གྱུར་པ་དང་བླ་བྲང་ལ་སོང་ན་ངེས་པར་དུ་ཁོ་ཚང་ལ་འགྲོ་དགོས་པ་དང་། ཁོ་ཚང་གི་ཁང་པའི་སྟེང་དེ་ན་ཤེལ་གྱི་ཁང་པ་ཞིག་ཡོད་ལ། དེ་ནི་ཕྱོགས་གང་སར་བལྟས་ན་མཐོང་ཡངས་པ་དང་ང་རང་དེར་འདུག་པར་ཤིན་ཏུ་དགའ་ལ། ནམ་རྒྱུན་ཁོས་ང་ལ་སྣེ་ལེན་བྱེད་སའང་དེ་ཡིན་ཞིང་། བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད། ངེད་གཉིས་རིག་གནས་ཀྱི་ངོས་ཐད་ནས་བགྲོ་གླེང་ལས་ཀྱང་མིའི་གཤིས་ཀའི་ཆ་ནས་ངེད་གཉིས་རང་གཤིས་གྱོང་པོ་དང་རང་ཚུགས་བརྟན་པ་དེ་འདྲ་ཡིན། མི་གཞིའི་ཆ་ནས་ཕན་ཚུན་ལ་ཡིད་ཆེས་བརྟན་པོ་ཡོད།

དྲི་བ། ཁྱེད་གཉིས་ཀྱིས་ཨ་མདོའི་ཕྱོགས་སུ་དུས་རབས་ཤིག་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། སོ་སོའི་བྱས་རྗེས་ལ་གདེང་འཇོག་ག་འདྲ་ཡོད།

སྨན་བླ་སྐྱབས། སྒྲུང་པ་སྐལ་བཟང་གྲགས་པ་དང་བཅས་པའི་བདུད་བྷེ་དང་དཔལ་མགོན་སོགས་མང་པོ་ཞིག་བོད་རང་གི་དམངས་ཁྲོད་རིག་གནས་དང་སྲོལ་རྒྱུན་རིག་གནས་འདིར་རྐང་བཙུགས་ཤིང་མི་ཚེ་དེར་བསྟུན་ཏེ་ལས་ཀའི་རྗེས་བསྐྱངས་པར་རང་ཉིད་ཀྱིས་དངོས་གནས་རྗེས་སུ་ཡི་རང་ཡོད། ད་ལྟའི་བར་རང་ཉིད་ཀྱི་ལས་ཀ་ལའང་སྣ་མང་ཞིག་འདུག འདི་ཡོངས་རྫོགས་ཀུན་སློང་རྣམ་དག་དང་ལྷག་བསམ་ཡང་དག་གི་སྒོ་ནས་ལས་པ་ཞིག་ཡིན་པས་རང་ཉིད་ལ་བཀའ་དྲིན་ཆེ་བ་རེད། འཁྱོངས་མ་འཁྱོངས་དོན་དག་གཞན་ཞིག་ཡིན་ལ། རང་གི་ལང་ཚོ་དང་མི་ཚེའི་དོན་དག་མང་ཆེ་ཤོས་དེར་བསྟུན་པ་ཡིན། དེ་ནི་ཤིན་ཏུ་གལ་ཆེན་པོ་རེད་བསམ་གི་ཡོད།

དྲི་བ། སྒྱུ་རྩལ་གྱི་རིགས་གང་ཡིན་ཡང་རྒྱུན་འཛིན་བྱེད་རྒྱུ་ནི་གལ་ཆེ་བ་རེད། ཁྱེད་རང་ཉིད་ལ་མཚོན་ནའང་སྒྱུ་རྩལ་གྱི་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པས། མིག་སྔར་རང་ཉིད་ཀྱིས་སློབ་མའམ་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་འཆར་གཞི་འདྲ་ཡོད་དམ།

སྨན་བླ་སྐྱབས། འཁྲབ་སྟོན་པ་འབུད་ཆོག་ཆོག་རེད། ཡིན་ཡང་ཐད་ཀར་ལས་ཀ་འདི་གཅིག་ལྕོགས་ཀྱིས་ལས་ཐུབ་མཁན་ཞིག་རང་བཞིན་གྱིས་མ་ཡོང་ན་བསམ་བཞིན་དུ་ཡོང་གི་འཇུག་རྒྱུ་དཀའ་མོ་རེད། གལ་སྲིད་ཆེད་དུ་སློབ་གྲྭ་ཞིག་བཙུགས་ནས་གསོ་སྐྱོང་བྱ་རྒྱུ་ན་དངོས་གནས་རེ་བ་ཞིག་ཡོད་ས་རེད།

རྩོམ་ཁུངས། འཕགས་ཆེན་འཕྲིན་སྟེགས།

ལྷ་མོ་ཚེ་སྐྱིད་ཀྱིས་ཡི་གེར་ཕབ།

རྩོམ་སྒྲིག་པ། བསོད་ཚེ།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com